Monday, November 17, 2008

འགྱུར་བ་གསོན་པོ།

རྨི་ལམ་དང་ལྷ་སྒྲུང་གི་ཆང་ཁ་ན
ཁྱོད་ཀྱི་འཛུམ་མདངས་དེ་གང་ན་ཡོད
དུས་དང་བར་སྐབས་གང་རུང་ཞིག་ཏུ་ཡང
ངས་ཁྱེད་རང་དྲན་བཞིན་ཡོད
དེའི་ཕྱིར་ཁོ་བོ་མི་ཡུལ་གྱི་དུར་ཁྲོད་ནག་པོ་འདིའི་ཕང་བ་ནས
ཡོད་ཚད་ཁྱེད་ཀྱི་ཕྱིར་ཏུ་འཕྱོ་བཞིན་ཡོད

བདག་མོ་ལགས
རང་དབང་གིས་དབུལ་བའི་ལོ་ཟླ་འདི་ཚོར
ཁྱོད་ཀྱོ་འཛུམ་མདངས་དེ་ཁོ་ན
ཁོ་བོ་གསོན་པོའི་དགོས་མཁོ་ཡིན་ཆོག་ཨང

དེས་ན་ཁོ་བོ་མ་ཤི་བར་ཏུ
རྣག་ཁྲག་གི་འགྱུར་བ་ལས་བརྡོལ་བའི་གཏམ་འདི་དག
ཁྱེད་ཀྱི་གནས་ཚང་གི་མཐའ་འཁོར་ཏུ་འཕེན་བཞིན་ཡོད
ང་དུར་ཁྲོད་ཀྱིས།

Thursday, October 30, 2008

ཆང་ཁང་ནག་པོའི་གླུ།



ཞེན་ཆགས་ཀྱི་སྣང་བ་ཙམ་དེ།།

བདེ་སྣང་གི་རྒྱུ་རུ་གྱུར་ཀྱང༌།།

ཁྲག་མདོག་གི་སྙན་ངག་ཟད་པོས།།

མཁྲེགས་བཟུང་གི་ལྕགས་སྒྲོག་ཆོད་སོང༌།།

དེ་རིང་གི་ཡོང་སྒོ་ནག་པོ།།

དམིགས་མེད་ཀྱི་གཞི་རུ་བཏབ་པ།།

ཁྱེད་རང་གི་མིག་ཆུས་བསྐྱངས་ཏེ།།

བུ་མོ་ཚོས་སྙིང་གཏམ་གླེང་ན།།

བཙོན་ཁང་གི་གཡོག་མོ་དེ་ཡིས།།

ཚེ་སྲོག་གི་རིན་ཐང་རྙེད་འོང༌།།


ཕྱི་རོལ་གྱི་མུན་པའི་སོ་བ།།

མདང་དགོང་གི་རྨི་ལམ་བསྙེགས་པ།།

ལན་ཆགས་ཀྱི་ཡོལ་བའི་གསེབ་ཏུ།།

བུ་ལོན་གྱི་ཚུལ་གྱིས་སླེབས་སོང༌།།

རྙིང་ཧྲལ་གྱི་པགས་རྩག་དོར་མཁན།།

ཆང་ཁང་གི་བླ་རྒན་མིན་པས།།

ནང་རོལ་གྱི་འདོགས་ཐག་ཆོད་ན།།

གཞན་དབང་གི་སྒོ་ཆེན་ཕྱེས་ནས།།

རྒྱ་གྲོང་གི་གཞོན་ནུ་ཞིག་ཀྱང༌།།

ལས་དབང་འདིར་ཤི་འཐམ་བྱས་ཆོག།


ལྡོག་མེད་ཀྱི་བཀའ་ཁྲིམས་བཙན་པོས།།

ནང་རོལ་གྱི་གུ་ཡང་ཁྱེར་པས།།

ས་སྲོད་ཀྱི་ཕྱི་མིག་དམར་མོ།།

ཆང་ཁ་ནས་རྒས་པ་འདིས་མཚོན།།

ངེས་མེད་ཀྱི་བསམ་པའི་འཁྱེར་སོ།།

གཞང་བཙོང་མའི་ཕྱོགས་ལ་ཤོར་བ།།

ཆག་གྲུམ་གྱི་གས་ཁ་རྒུམ་པའི།།

དབུལ་བོ་ཚོའི་འདོད་བློ་ཡིན་ན།།

སྒོ་ཆེན་གྱི་སྲང་ལམ་ཁ་ནས།།

མཚོན་མདངས་གི་གྲིབ་སོ་གོན་སོང་།།

Monday, October 20, 2008

དག་ཞིང་གི་ལམ་ཕྲན།


རྫོགས་མེད་ལུས་ཀྱི་མྱངས་བྱར་ཕ་མཐའ་མེད་པས།།བྱེ་མའི་འཇིག་རྟེན་འདི་ནས་སྤོབས་པ་རྙེད་བྱུང་།།ཚེ་ཡི་རི་མོ་རྙིང་ནས་ཡལ་རག་བར་དུ།།བདག་གི་ཚོར་སྣང་གླུ་ཡི་སྐད་ལ་འཐིམས་སོང་།།¡
¡བཟི་ཁས་རྨི་ལམ་མྱངས་པའི་མི་ཆེན་དེ་ཚོ།།ནམ་མཁའི་བྱ་ཆེན་དག་གི་སྐྱེ་བ་ཡིན་འདུག།སྲོད་ཀྱི་གྲིབ་ནག་འགུལ་བའི་གཟུགས་ལ་བལྟས་ནས།།མཁའ་ཡི་སྤྲིན་པ་གཤགས་ནས་འཕུར་ཚུལ་སྔ་སོང་།།¡
¡བཙན་གྱི་འཛུལ་ཞལ་སྟོན་པའི་རི་ཁའི་མི་ལ།།གསར་འབྱོར་གླུ་བ་ཞིག་གི་མགྲིན་པ་བཏེགས་ཡོད།།རྒས་མེད་དུངས་སྣང་ཞིག་གི་དྲན་ཤིང་བར་ནས།།སླར་ཡང་བརྩེ་བའི་གནའ་གཏམ་འཆད་ལ་ཉན་ཡོད།།¡
¡སྲོག་གི་དབྱངས་རྟ་ཡོད་པའི་ཕོ་བྲང་ཞུགས་ཚེ།།སྐྲ་ཡི་སྐུད་པ་ཆད་པའི་བར་ཆད་བྱུང་ནས།།ཉི་མའི་འཁར་བར་ཁེན་པའི་རྨི་ལམ་རེ་རེ།།འདི་ལྟར་མཇལ་འཛོམས་ཞིང་གི་མིག་ཆུ་ཡིན་འགྲོ།།¡¡
སྐྲ་ལོ་མི་ཁས་ཁུར་བའི་གླུ་བ་རེ་རེ།།ལམ་ཁའི་གྲོང་ཚོ་ཞིག་གི་མགྲོན་པོ་ཡིན་པས།།ཕུགས་བསམ་ཀ་ཁའི་རྣམ་ཤེས་ཇི་སྲིད་གསོན་ན།།ཚིག་གི་གྲོང་ཁྱེར་བསྐྲུན་ལ་ང་རང་ཤི་མེད།།རྩོམ་པ་པོ། འཁྱམས་པོ་གངས་རིའི་འོད་ཟེར། ལྷོ་ཕྱོགས

Saturday, October 18, 2008